ངས་ལོག་རྒར་གཟིགས་མཁན་རྣམས་ལ་ཞུ་རྒྱུར།
ང་ནི་ཚོགས་པ་ཞིག་གི་ཁ་ལག་བཟོ་མཁན་ཞིག་ཡིན་པས་ལྟ་རྒྱ་མཐོང་རྒྱ་ནི་ཐབ་ཀྱི་གཡས་གཡོན་ལས་མི་འདུག ཆུང་དུས་སློབ་ཆུང་གི་སྒོ་མོ་འཛུལ་ཙམ་ལས་བྱེད་མྱོང་མེད་པས་སྐད་ཡིག་སྣ་ཚོགས་ནི་ངས་མི་ཤེས། བཀའ་བློན་དང་དྲུང་སྤྱི་ཞེས་གནམ་གྱི་ཀ་བ་ལྟ་བུ་ཡོད་ཚོད་འདུག་ཀྱང་ངས་མ་མཐོང་། གཞུང་ཞབས་པ་ཞེས་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་ཡོད་པར་གྲགས་ཀྱང་ང་ལ་མཉམ་བཞུགས་བྱེད་པའི་ཆ་རྐྱེན་ནི་མེད། ཕྱི་རྒྱལ་དུ་ཡོད་པ་ཞེས་རྣམ་ཐོས་སྲས་ཀྱི་ལོངས་སྤྱོད་ལ་མགྲན་པ་ལྟ་བུའི་རྒྱུ་ནོར་ཅན་གཅིག་ལས་གཅིག་རྫིག་པ་ཡོད་པ་འབྲུག་ལྟར་གྲགས་ཀྱང་བོད་ཀྱི་སྤྱི་ཚོགས་ལ་ཕན་པའི་འབྲུག་སྐད་གྲགས་པ་ནི་ངས་མ་ཐོས། མགྲོན་ཁང་གཉེར་བའི་རྗེ་བདག་མང་པོ་བོད་མིའི་ཁྲོད་ན་ཡོད་སྐད་འདུག་སྟེ་བོད་མི་ཉམ་ཐག་རྣམས་ལ་གནས་ཚང་གཡར་བ་ནི་ངས་མ་ཤེས། རྒྱལ་བ་རིན་པོ་ཆེ་ཞེས་ཁ་ནས་གྲགས་པ་ཡོད་ཀྱང་སེམས་ནས་རྒྱལ་བ་རིན་པོ་ཆེར་བརྩི་བ་ནི་ངས་མ་ཚོར། ནང་ཆོས་གལ་ཆེ་ཞེས་རྣ་བར་རྒྱ་སྟོང་དུ་གོ་ཡང་དོན་སྣང་ཡོད་པ་གཅིག་ཀྱང་མ་མཐོང་། བོད་དང་བོད་དོན་ཞེས་དར་ལྕེ་བཞིན་དུ་སྒྲོགས་པ་འདུག་ཀྱང་ལག་ལེན་འགེལ་བ་ནི་གླེན་པ་རེ་གཉིས་ཙམ། ད་ང་ནི་གཏི་མུག་གི་མུན་པའི་ཀློང་དུ་ཚུད་པས་མཚམས་རེ་ནི་ཞེ་སྡང་གི་མེད་ལྕེ་འབར་བས་ཚིགས་ལ་ཁད་པ་དང་། མཚམས་རེ་ནི་འདོད་ཆགས་ཀྱི་རྒྱ་མཚོའི་ནང་དུ་བྱིངས་ཏེ་རང་དབང་ཡང་མེད་འདུག ད་ག་རེ་བྱེད་དགོས་པ་རྩ་བ་ནས་ཤེས་ཀྱི་མི་འདུག་ཁྱེད་རྣམས་ལ་ཐབས་ཤེས་རེ་ཡོད་ན་ང་ལ་བསྟན་རོགས་གྱིས།
No comments:
Post a Comment